Teachers’ Day Celebration 2019

Teachers’ Day Celebration 2019

༉ དབྱིན་ཟླ་༥པའི་དབྱིན་ཚེས་༠༢ལུ་ ང་བཅས་རའི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་ དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་འཁྲུངས་སྐར་ དུས་ཆེན་གྱི་ཉིནམ་ཨིན། ཉིནམ་འདི་གི་སྐབས་ལུ་ བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་ བཟའ་ཚང་ཡོངས་ སྤྱི་དོན་ཁང་ནང་ལུ་འཛོམས་ཏེ་ མི་དབང་ཞིང་གཤེགས་མཆོག་ལུ་ བཀའ་དྲིན་དགའ་ཚོར་གྱི་ཚུལ་ལུ་ དཀར་མེ་ཚུ་ ཕུལ་ཡོདཔ་ཨིན།

མི་དབང་ཞིང་གཤེགས་དམ་པ་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ནང་ དེང་སངས་ལམ་ལུགས་ཀྱི་ཤེས་ཡོན་ཚུ་ གཞི་བཙུགས་མཛད་དེ་ མུན་པ་གནག་དུང་དུང་བཟུམ་ནང་ལས་བཏོན་ཏེ་ གནམ་ཉི་མ་བཟུམ་བཟོ་ཡོདཔ་ལས་ ཉིནམ་འདི་ཁར་ འབྲུག་རྒྱལ་ཁབ་མཐའ་དབུས་ མེད་པ་ སློབ་དཔོན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་ནང་ལུ་ཡང་ སློབ་ཕྲུག་ འགོ་འཁྲིདཔ་ཚུ་གིས་ འགོ་འདྲེན་ཐོག་ལུ་ སློབ་དཔོན་གྱི་ཉིནམ་ རྒྱས་ཤིང་རྒྱསཔ་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན།

དེ་ཡང་ སློབ་ཕྲུག་ཚུ་གིས་ སློབ་གྲྭའི་སློབ་དཔོན་དང་ལས་བྱེདཔ་ཡོངས་ལུ་ བཀྲིས་བདེ་ལེགས་ཀྱི་ཁ་དར་དང་ མངར་སྲས་གཏོགས་ཏེ་ དགའ་ཞིང་སྤྲོ་བའི་གོ་ལས་ རང་ལུགས་སྔར་སྲོལ་གྱི་ལས་རིམ་ཚུ་ རིམ་པ་བཞིན་དུ་ སྤྱན་འབུལ་ཞུ་ཡི། སློབ་གྲྭའི་ཡོངས་དཔོན་ བསོད་ནམས་དབང་ཕྱུག་གིས་བཤད་མི་ནང་ སློབ་དཔོན་གྱི་ཉིནམ་འདི་ སློབ་དཔོན་འདི་ཚུ་ལུ་རྐྱངམ་ཅིག་ ཁག་ཆེཝ་མིན་པ་ ང་བཅས་ སློབ་ཕྲུག་ཕོ་མོ་ཚུ་གིས་ རང་གི་སློབ་དཔོན་ཚུ་ལུ་ ཧིང་གདིང་ལས་བཀའ་དྲིན་བསམ་སྟེ་ ཚོགས་བསགས་པའི་ ཉིནམ་གཅིག་ཡང་ཨིན་ ཟེར་བཤདཔ་ཨིན་མས།

ཉིནམ་འདི་གི་སྐབས་ལུ་ སློབ་དཔོན་དང་སློབ་ཕྲུག་གཉིས་ཀྱི་བར་ན་ བྱམས་པ་དང་བརྩེ་བ་ ག་ཅི་བཟུམ་ཡོདཔ་ཨིན་ན? ཕྱི་གསལ་སྟོན་ འབད་བའི་ཉིནམ་ཅིག་ཡང་ཨིནམ་ལས་ རང་སོའི་སློབ་རིམ་བསྟར་དུ་ བརྡ་བྱང་གུ་ལས་ཕར་ དུས་ནམ་ཡང་བརྗེད་པར་ཕངས་པའི་ སློབ་དཔོན་ཚུ་ལུ་ བསྟོད་པ་རྐྱབ་ཡོད་པའི་བསྟོད་ཚིག་དང་ སྐུ་ཚེ་ཆུ་ལས་རིང་བའི་སྨོན་ཚིག་ བསམ་དོན་ལྷུན་གྱིས་གྲུབ་པའི་ རེ་སྨོན་གྱི་ ཚིག་ཚུ་དང་ བཀའ་དྲིན་བསམ་པའི་ཚིག་ཚུ་ སྤྱི་དོན་ཁང་གི་བྱང་གུ་ལས་དཔྱངས་ཏེ་ དགའ་སྐྱིད་སྤྲོ་གསུམ་གྱི་གོ་ལས་ སློབ་དཔོན་གྱི་ ཉིནམ་འདི་ བརྩི་སྲུང་ཞུ་ཡོདཔ་ཨིན།

ཉིནམ་འདི་ཁར་ སློབ་དཔོན་ཚུ་གི་སྤྱན་གུ་ལྟོདམོ་ སྙན་གུ་སྒྲ་ཧན་ ཞལ་གུ་ལུ་རོ་མངར་བའི་ཟས་ཚུ་ ཕུན་སུམ་ཚོགས་ཏོག་ཏོ་ཡོདཔ་ལས་ ཉིནམ་འདི་ སློབ་དཔོན་ཚུ་གི་མི་ཚེ་ནང་ དུས་ནམ་ཡང་བརྗེད་མ་ཚུགས་པའི་ དུས་ཚོད་གཅིག་ཨིན་མས་ ཟེར་སློབ་དཔོན་གཅིག་གིས་ བཤད་ཡོདཔ་ཨིན། ལས་རིམ་ཚུ་ལས་མཇུག་ར་ སློབ་ཕྲུག་ཚུ་གི་ཧོངས་ལས་ ཉིན་མའི་གསོལ་ཝ་དྲངས་ཏེ་ མཇུག་བསྡུ་ཡོདཔ་ཨིན་མས།

Leave a Reply